ཋེ་ཀོར།

                                                                         ཟླ་བ་གཞོན་ནུས་བསྒྱུར།

       

ལྷ་ཁང་དུ།
དཀོན་མཆོག་གི་ཞབས་སུ་མེ་ཏོག་འབུལ་བར་མ་བཅར་བར།
ཐོག་མར་རང་ཉིད་ཀྱི་ཁང་བར་བརྩེ་བའི་དྲི་མངར་གྱིས་ཁྱབ་ཏུ་འཇུག་རོགས།

ལྷ་ཁང་དུ།
མཆོད་བཤམ་མདུན་གྱི་མཆོད་མེ་བསྒྲོན་པར་མ་བསྐྱོད་པར།
ཐོག་མར་རང་སེམས་ཀྱི་སྡིག་པའི་མུན་པ་དེ་སེལ་རོགས།

ལྷ་ཁང་དུ།
གསོལ་འདེབས་ཀྱི་གུས་འདུད་ཞུ་བར་མ་འགྲོ་བར།
ཐོག་མར་མི་གཤིས་ཀྱི་གུས་འདུད་རང་གི་རོགས་ཟླར་ཞུ་རྒྱུ་དེ་སྦྱང་རོགས།

ལྷ་ཁང་དུ།
གསོལ་འདེབས་པུས་བཙུགས་ཀྱིས་ཞུ་རུ་མ་བཞུད་པར།
ཐོག་མར་མར་སྒུར་ནས་རྡོག་པས་བརྫིས་པའི་མི་དེ་འགྱོགས་རོགས།

ལྷ་ཁང་དུ།
རང་ཉིད་ཀྱི་སྡིག་པ་བཤགས་ཕྱིར་མ་འགྲོ་བར།
ཐོག་མར་རང་ཉིད་ལ་གནག་པའི་མི་དེར་སེམས་གཏིང་ནས་གུ་ཡངས་གནང་རོགས།

(ཁ་བྱང་འདི་སྒྱུར་མཁན་གྱིས་བཏགས་པ་ཡིན།)
༠༩།༧།༢༤

 

 

བརྩེ་བ་འོད་ཀྱིས་འཕྲོ་བའི་ཟླ་ངོགས་ཀྱི་ལྡུམ་རྭ།།

སེམས་པ་ཕྱག་གིས་འགྱོགས་པའི་ན་གཞོན་གྱི་བརྩེ་འདང༌།།

བྱད་བཞིན་འཛུམ་དུ་འཁྱིལ་བའི་ཕྱུགས་ཆུང་གི་འཇོ་སྒེག།

འདོད་ལྡན་མིག་དབང་འཕྲོག་པའི་གཞི་མ་རུ་བསྟབས་འདུག།

 

མུ་ཏིག་ཚོམ་བུར་འཐོར་བའི་ཨ་སྔོན་གྱི་དབྱིངས་རིམ།།

བརྩེ་བ་སྤྱན་ནས་འཛུམ་པའི་དགའ་མ་ཡི་ལང་ཚོ།།

ཆེ་ཆེར་བཞད་ཅིང་འཚེར་བའི་སྐར་ཆེན་གྱི་མིག་ཞགས།།

དུང་བ་སྙིང་ལ་འཇོ་བའི་སེམས་སོང་གི་རེ་སྨོན།།

 

ཆུ་དྭངས་རྫིང་བུར་ཟགས་པའི་འོད་དཀར་གྱི་ཟླ་གཞོན།།

ལྗང་སྣུམ་པད་འདབ་མཉེན་མོའི་སེང་རས་ཀྱི་ཕག་ནས།།

ཤབ་ཤུབ་སྙིང་གཏམ་མཆེད་པས་མཚན་གུང་གི་ལྷིང་འཇགས།།

དཀྲོགས་ལ་མཚར་སྣང་སྟོང་གི་རྣ་བ་དེ་བླགས་འདུག།

 

སྐར་ཚོགས་བྱེ་བས་བཏུམས་པའི་ཉ་གང་གི་ཟླ་བ།།

མཛའ་མོ་གློ་བ་དགའ་བའི་བཞིན་སྣོད་དུ་འདོད་ནས།།

སྲིད་རིང་གནམ་སྐས་སྐྱོར་བའི་དགུ་ཚིགས་ཀྱི་རྨུ་ཐག།

ཟླ་བ་ཕྱག་གིས་ལེན་པའི་རྨི་ལམ་དུ་བཟུང་འདུག།

 

ཟླ་འོད་ཆེམ་ཆེམ་འབབ་པའི་སྟོན་གཞུང་གི་མཚན་ལྗོངས།།

རོགས་ལོ་སེམས་རྩ་དྲོ་བའི་གཞི་མ་རུ་ཤེས་ནས།།

དྭངས་གཙང་བྱིས་བློའི་སྦུབས་ཀྱི་ཉམས་ཆུང་གི་སེམས་པ།།

ཉིན་བྱེད་དབང་པོ་འགོག་པའི་རྔུལ་ཆུ་རུ་འཐིམས་སོང༌།།

 

མཁའ་ན་ཆེམ་གྱིས་བསྣར་བའི་རྒྱུ་སྐར་གྱི་མུ་ཏིག།

མཛེས་ལྡན་སྙིང་ལ་འབབ་པའི་མགུལ་རྒྱན་དུ་བསམས་ཏེ།།

རྒྱ་ཁབ་རྩེ་ལས་རྣོ་བའི་དུང་སེམས་ཀྱི་ཚོར་བས།།

ཕྲ་རིང་ཕྱི་ཐག་དུང་གི་སྲད་བུ་ལ་བརྒྱུས་སོང༌།།

 

ཡངས་པའི་ནེའུ་གསིང་སྤྲས་པའི་དུང་མདོག་གི་ཟླ་ཞུན།།

སྒེག་མོའི་བརླ་ཤ་གསལ་བའི་རང་བྱུང་གི་སྣོན་པ།།

ཁྲ་ཆིལ་བགྲང་ལ་ངལ་བའི་རྒྱང་རིང་གི་སྤྱན་འོད།།

དགའ་སྣང་འབུམ་གྱིས་མྱོས་པའི་སྒྱུ་རྩལ་ལ་འཕྲོས་འདུག།

 

༢༠༠༩།༨།༩།

 བརྩེ་འཕྲིན་དམར་ནག་མ།

 

གནའ་བོའི་ཤེས་རིག་འཛུམ་པའི་གླིང་ཞིག་ཏུ།།

གཏན་གྱི་ལོ་ལེགས་སྲུང་བའི་སེམས་ཀྱི་གྲོགས།།

ཕུགས་བསམ་གསེར་གྱི་རི་མོ་མ་ཡལ་བར།།

ཐོས་བརྩོན་མཚོ་མོའི་ངོགས་སུ་བདེ་ལགས་སམ།།

འདི་ན་ཟླ་གསུམ་ཟུང་གི་ཡིག་ཚད་ཀྱིས།།

ཀླད་པ་རྒྱལ་རབས་འཇིངས་སུ་བརྡབས་བྱས་པས།།

ཁྱོད་ལ་འཕྲིན་པ་མངགས་པའི་དུས་ཚོད་ཀྱང༌།།

”རྭ་སྒྲེང་བཤད་སྒྲ་གཉིས་”ཀྱིས་འཕྲོག་ནས་ཐལ།།

བོད་ཀྱི་སྲིད་ཚབ་ལྔ་བ་ཚེ་སྨོན་གླིང༌།།

ཁྲི་ལས་ཕབས་པའི་རྒྱུ་རྐྱེན་མ་ངེས་པས།།

ད་ལོའི་རྒྱལ་རབས་དྲི་གཞི་རེ་རེ་ཡིས།།

ཕམ་ཁ་བྱིན་པའི་ལོ་རྒྱུས་ཉུང་ཉུང་མིན།།

ད་དུང་རྒྱལ་དབང་བདུན་པའི་དུས་ཀྱི་ཚེ།།

བོད་རྒྱ་སོག་གསུམ་འདུས་པའི་ལྷན་ཚོགས་ཤིག།

བཙུགས་པའི་མི་སྣའི་མིང་ཡང་མ་དྲན་པས།།

ཡིག་ཚད་གཡང་དུ་ཟགས་པའི་ཉེན་ཁ་ཆེ།།

གྲོགས་པོ་ཨ་འཁོར་འདི་རུ་འབྱོར་བ་ན།།

ཁྱེད་རང་བདེ་བའི་གཏམ་སྙན་ཐོས་བྱུང་བས།།

དོ་ནུབ་ཤོག་སྨྱུག་ཡང་བསྐྱར་བརྡར་བྱས་ཏེ།།

ཁྱོད་ཀྱི་ཕྱོགས་ལ་སེམས་ཀྱིས་ཡང་བསྐྱར་བལྟས།།

གྲོགས་པོ་འཇམ་དབྱངས་སྔར་བཞིན་ཉལ་ནས་འདུག།

ཚེ་རིང་ལོ་བརྒྱ་སྔར་བཞིན་གཉིད་ནས་འདུག།

ཁྱོད་ཀྱི་ཤུལ་དུ་ལུས་པའི་གྲོགས་པོ་ཚོ།།

རང་རང་མལ་སའི་ནང་ན་བདེ་བར་འཚོ།།

འུ་ཅག་གྱེས་པའི་ཟླ་ངོ་དྲུག་གི་དུས།།

ཐུར་འབབ་ཆུ་མོའི་ཟོལ་ཏུ་བཞུར་སོང་ཡང༌།།

ཁྱོད་ཀྱིས་ལན་རེར་བསྙད་པའི་ཀུ་རེ་དག།

བདག་གི་རྣ་བའི་ལམ་ད་དུང་བཞུར།།

སེམས་དང་བསམ་པའི་ངོས་ཀྱི་གདུང་བ་དག།

སྨྱུ་གུ་འགུལ་ཐེངས་ཤིག་གིས་རྫོགས་མིན་པས།།

རེ་ཞིག་གཉུག་མའི་སེམས་ཀྱི་སྐད་ཆ་དག།

དྲན་གདུང་སྐྱུར་མོའི་ཀློང་ནས་འཇོག་པར་བྱ།།

༠༧/༡༡/༢༢མཚན་མོར།

རང་བཞིན་དུལ་བའི་རིགས་ཅན་དང་།།
རྟག་པར་རྒན་བཀུར་བྱེད་པ་ཡི།།
ཚེ་དང་ཡོན་ཏན་གྲགས་པ་སྟོབས་།།
བཞི་བོ་རྣམས་ནི་འཕེལ་བར་འགྱུར།།

ཕྲུ་གུ་སྐྱེས་བའི་གནས་སྐབས་སུ།།
ཕ་མས་མྱངས་པའི་སྡུག་དེའི་དྲིན།།
ལོ་བརྒྱའི་སྲི་ཞུ་བསྒྲུབ་པས་ཀྱང་།།
འཇལ་བར་ནུས་པ་མ་ཡིན་ནོ།།

དེ་དག་ལེགས་པར་སྐྱོང་རིགས་ལ།།
དགེ་བའི་བཤེས་ཀྱང་རྟག་ཏུའོ།།
དེ་གསུམ་འཚེངས་པར་གྱུར་བ་ཡིས།།
སྐྱེ་བའི་འགན་ནི་རྫོགས་པ་ཡིན།།།

གཞན་དབང་ཐམས་ཅད་སྡུག་བསྔལ་དང་།།
རང་དབང་ཐམས་ཅད་བདེ་བའོ།།
འདི་ནི་སྡུག་དང་བདེ་བ་ཡི།།
རྟོགས་འོས་དོན་ནི་བསྡུས་པའོ།།

ལས་གང་བྱས་པར་གྱུར་བ་ཡིས།།
སྙིང་ལ་ཚིམས་པ་བྱུང་གྱུར་ན།།
དེ་ནི་སྤྲོ་བས་བརྩམ་པར་རིགས།།
དེ་ལས་ལྡོག་པ་སྤང་བར་བྱ།།

རྐང་བ་བལྟས་ཏེ་འཇོག་པ་དང་།།
ཆུ་ནི་བཙག་ནས་བཏུང་བར་རིགས།།
བདེན་པའི་ངག་ནི་སྨྲ་བ་དང་།།
བཅོས་མིན་སྤྱོད་པ་སྐྱོང་བར་འོས།།


༠༨།༡༡།༡༦ལ་ལེགས་སྦྱར་ལས་བསྒྱུར།

སྙན་ངག་པ།  ཀླུ་སྨྱོན།

ཟླ་བ་སྒྲོལ་མའི་ལེའུ།

མུན་ནག་དང་ཆར་སྨུག་གི་ཁྲོད་དུ་རླངས་འཁོར་ཆུང་ཆུང་ཞིག་བསླེབས་བྱུང་ལ།
དེའི་མདུན་གྱི་གློག་འོད་ནི་གཤིན་པོའི་རྣམ་ཤེས་འགུག་པའི་ལྕགས་ཀྱུ་ཞིག་དང་འདྲ་བར།
གཞུང་ལམ་སྟེང་དུ་ངལ་དུབ་ཆེན་པོས་གོམ་བགྲོད་བྱེད་བཞིན་པའི་སྐྱེ་བོ་གང་མང་ཞིག་ས་རུ་བསྒྱེལ་སོང་།
རླངས་འཁོར་དེའི་ནང་དུ།
ལང་ཚོས་སྒེག་པའི་མཛེས་མ་ཞིག་གིས་རང་གི་མཆུ་སྒྲོས་ལ་ཞག་རྩི་དམར་པོ་ཞིག་འབྱུག་བཞིན་འདུག
མོའི་མིག་འོད་ནག་པོ་ཟུང་གི་མདུན་དུ།
ཉམ་ཐག་པའི་རྣམ་ཤེས་རེ་རེ་བཞིན་སྐོམ་གདུང་དྲག་པོས་འཆི་བཞིན་ཡོད།

 ཉི་མ་སྒྲོལ་མའི་ལེའུ།

ཚ་གདུག་འབར་བའི་མཚོ་འགྲམ་གྱི་གསེར་མདོག་གི་བྱེ་ཐང་དུ།

ལྟ་བས་ཆོག་མི་ཤེས་པའི་མཛེས་མ་ཞིག་གན་རྐྱལ་དུ་ཉལ་ནས་བསྡད་འདུག

མཛེས་མ་དེའི་བྲང་གཞུང་དྲོན་མོའི་ནམ་མཁའ་རུ།
ངང་བ་དཀར་པོ་ལྟ་བུའི་མྱོས་བུམ་ཟུང་གཅིག་ལྷུག་ལྷུག་ཏུ་ལྡེམ་བཞིན་ཡོད་ཅིང་།
མོའི་བ་སོའི་ཀ་བ་ཉིས་གཤིབས་དང་འདྲ་བའི་བརླ་བར་ན།

མེ་ལྕེ་ཞིག་ཤི་ཟིན་པའི་རྗེན་གཟུགས་ལྟ་བུའི་བྷ་ག་འཁྱག་པོ་ཞིག་གི་མཐའ་སྐོར་དུ།
བསམ་གཞིག་ཅི་ཡང་མེད་པར་སྐྱེས་པའི་རྨོངས་སྤུའི་ཚོགས་ནི།
སུ་ཞིག་གིས་རྩབ་རལ་དུ་བཏང་བའི་སྙན་ངག་ཉི་ཚེ་བའི་རིགས་དང་མཉམ་དུ།
ལྕེ་དམར་པོ་དང་ལྕེ་སེར་པོ། ལྕེ་ནག་པོ་སོགས་ཀྱི་དྲོད་རླངས་འཕྱུར་བའི་བན་བུན་ཁྲོད།
རེ་ཞིག་ཉི་མ་ནུབ་པར་སྒུག་པའི་འཕྱོན་མ་ཞིག་གི་གཏམ་རྒྱུད་དང་འདྲེས།

ཚེ་རིང་སྒྲོལ་མའི་ལེའུ།
ཁ་པར་དང་དྲ་རྒྱ་ལས་ངོ་ཤེས་པའི་མཛེས་མ་འདི།

སྤོབས་སེམས་དང་ལང་ཚོས་ཁྱོགས་པའི་མཛེས་མ་འདི།

སྙན་ངག་དང་དཔྱད་བརྗོད་འབྲི་བའི་མཛེས་མ་འདི།

ལ་ལུང་དང་རྒྱལ་ཁམས་འགྲིམ་པའི་མཛེས་མ་འདི།

སྤྱད་ན་འཛད་དུ་མེད་པའི་མཛེས་མ་འདི།

བལྟས་ན་ངོམས་པ་མེད་པའི་མཛེས་མ་འདི།

སྒྱུ་མའི་འཕྲུལ་གཟུགས་ལྟ་བུའི་མཛེས་མ་འདི།

བདུད་ཀྱི་ཞགས་པ་ལྟ་བུའི་མཛེས་མ་འདི།

ལྷ་ཡི་བུ་མོ་ལྟ་བུའི་མཛེས་མ་འདི།

མཛེས་མ་འདིའི་མཛེས་སྡུག་མཐའ་དག་ཀེང་རུས་ལྟ་བུར་མི་སྡུག་པའི་རང་བཞིན་དུ་སྒོམ་པའི་ང་ནི།

འཁོར་བ་མ་སྟོང་བར་དུ་སངས་རྒྱ་མི་ཐུབ་ཅེས་ང་རང་ཉིད་ཀྱིས་ཐག་གཅོད་ཐུབ།

བྱམས་པ་སྒྲོལ་མའི་ལེའུ།

མཚོ་འགྲམ་ན་ཟང་ཟིང་དུ་སྐྱེས་པའི་འདམ་རྩྭ་ཐར་ཐོར་དེའི་ཀློང་ནས།

ངས་ཉིན་གཅིག་གི་ངལ་དུབ་ཡོད་ཚད་རྒྱབ་ལ་ཁུར་ཏེ།

ཉི་མ་དམར་པོ་ཞིག་ནུབ་པར་རེ་སྒུག་བྱེད་དུས།

མཛེས་མ་ཞིག་དང་དེའི་ཆེས་མཛེས་པའི་སྣང་བརྙན་རབ་རིབ།

བྱ་ཁྱུ་བཞིན་ཆེས་རྒྱང་རིང་གི་རི་ཚོགས་ལ་ཐིམ་ཅིང་།

བན་བུན་བརྩེགས་པའི་ཤར་ཕྱོགས་ཀྱི་གནམ་མཐའ་རུ།

ཁྱེད་ཀྱི་ཆེས་སྒེག་པའི་ལང་ཚོའི་མཆོད་སྡོང་ཡང་ཡོད་ངེས་ཞེས། 

ངས་རང་ཉིད་ལ་དབུགས་དབྱུངས་ཀྱི་སེམས་གསོ་རེ་མི་བྱེད་ཀ་མེད་ལགས།

བདེ་སྐྱིད་སྒྲོལ་མའི་ལེའུ།

ཆེས་མཛེས་པའི་རྒྱ་སེ་མེ་ཏོག་རྐང་གཅིག

མུན་ཁྲོད་ནས་ཟླ་འོད་ཀྱི་ཁུ་སིམ་ལ་བསྙེས་པའི་རྨི་ལམ་ཐུན་གཅིག

ད་ནངས་ཞོགས་པར་རབ་རིབ་དང་རབ་རིབ་བར་ནས་དྲན་པའི་ངོས་སུ་འཆར་དུས།

ཁྱོད་ཁོ་ན་ད་གཟོད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་སྙིང་པོ་དང་།

ཁྱོད་ཁོ་ན་ད་གཟོད་འཇིག་རྟེན་འདིའི་མཛེས་སྡུག་ཡོད་དོ་ཅོག་གི་མཚོན་བྱེད་ཡིན་པ་ཤེས་སོང་།

ཚངས་དབྱངས་རྒྱ་མཚོ་ལྟ་བུའི་གནའ་བོའི་ཡུལ་སྐོར་བ་དང་།

དགེ་འདུན་ཆོས་འཕེལ་ལྟ་བུའི་ཉེ་རབས་སྙན་ངག་པ་དག་གིས།

རང་སེམས་དང་ཁྲག་དམར་བསྲེས་ནས་སྙན་ངག་གི་བམ་པོ་བརྩེགས་དོན་ཡང་།

སྒྱུ་འཕྲུལ་ལྟ་བུའི་མཛེས་མ་འདི་དག་གི་བྷ་ག་དང་མྱོས་བུམ་གྱི་བསླུ་བྲིད་དང་།

སྣང་སྟོང་བསྣོལ་བའི་ཤ་ཁྲག་གི་ཕུང་པོ་འདིའི་ལང་ཚོའི་བཟི་ཁ་ཡི་ཕྱིར་དུ།

མཛེས་སྡུག་གིས་གསོན་ཐུབ་ལ་མཛེས་སྡུག་གིས་འཆི་ཡང་ཐུབ་ཅེས།

འགྱུར་མེད་ཀྱི་དམ་བཅའི་རྡོ་རིང་བསླངས་པ་མ་ཡིན་ནམ།

ངའི་ཉིན་དེབ་ཅིག་གི་ཤོག་ངོས་བརྒྱ་དང་རེ་དགུ་བའི་ངོས་སུ་འདི་ལྟར་བྲིས་འདུག

 

  

 

སྙན་ངག་པ། བློ་གྲོས་དཔལ་བཟང་།  

   

བདེ་ལྡན་བུ་མོ་མྱོས་པའི་མཁུར་ཚོས་ཟེགས་མའི་མེ་ཏོག་ས་ལ་དྲུད།། 

མཉེན་འཇམ་པདྨའི་མངལ་དུ་སྦྲུམ་པའི་ཟེའུ་འབྲུ་འདབ་མ་གཡོ་བས་འདར།། 

གསང་ལྕམ་མཆུ་སྒྲོ་འཛུམ་པའི་སྒེག་ཉམས་མྱོས་འཛིན་འོ་ཡིས་དལ་གྱིས་གཞིབ།། 

ངོ་མཚར་རྩེ་དགའི་ཡིད་ཀྱི་སྒྱུ་མ་སྐལ་བཟང་སྙིང་ལ་ཁོ་མོས་རྩེན།། 

ཀུན་གསལ་དགའ་མའི་འདྲེན་བྱེད་འོད་རླབས་མུན་པའི་དུས་འདིར་ཅི་ལ་ཟུམ།། 

ས་འཛིན་མཛེས་མའི་རྒྱན་སྤྲས་མེ་ཏོག་ཉམ་ཆུང་ཤུགས་ཀྱིས་ཅི་ལ་འཐོར།། 

མཉེན་འཇམ་རེག་བྱས་སྙིང་ལ་བསྣུན་པའི་ཆགས་ལྡན་བུ་མོ་ཅི་ལ་ངུ།། 

ཁྱེད་དང་འུ་གཉིས་སྒྱུ་མའི་གླིང་འདིར་ཚེ་ཡི་སྲོག་ཆུང་སུ་ཡིས་བྱིན།། 

ཞོགས་པའི་ཉི་ཟེར་དལ་གྱིས་འཛུམ་ཡང་རྟ་བདུན་སྒྱུ་མའི་རླུང་ལ་ཤོར།། 

མཚན་མོའི་ཟླ་གཞོན་མཁའ་ལམ་འགྲིམ་དུས་སྒྲ་གཅན་གདོང་གི་ཁ་ལ་འཐབ།། 

མཚོ་སྐྱེས་སྙིང་གི་མུ་ཏིག་འདར་ན་སྟེང་འཐུང་འདབ་མས་གར་བྱེད་ཀྱང༌།། 

སྣང་བ་གསོན་པའི་རྒྱུ་ལམ་འགག་དུས་དབུ་ཕྲེང་ཚོམས་བུའི་གསེར་ཡིག་ལྷུང༌།། 

གངས་དཀར་འདབ་མ་བརྩེགས་པའི་ལྷུན་པོ་དགུ་སྒྲིལ་ཉི་མའི་འོད་ཀྱིས་འཐུང།། 

སྐྱོ་གདུང་མཆི་མ་ས་ལ་ཟགས་པ་འདམ་བརྫིས་པདྨའི་ལྕེ་ཡིས་ལྡག། 

སེར་ཞག་ལོ་མ་ལྷུང་བའི་བེམ་རོ་དྲི་བཞོན་སྤར་མོས་མཁའ་ལ་གཏོར།། 

མཚར་སྡུག་གོས་ལྭ་དུས་ཀྱིས་བྱིལ་བས་ས་འཛིན་ལྗོན་པའི་སྐྲ་ལོ་འཛིངས།། 

ཤར་གྱིས་ཉལ་འགྲོའི་ལྦུ་བའི་རྐང་གདུབ་དྲི་བཞོན་ལད་མོའི་ཟློས་གར་གྱིས།། 

སྤང་སྤོས་གཡུ་ལོ་རལ་བའི་མེ་ཏོག་འདབ་མ་འདེགས་པའི་རླབས་གྱིས་བཤལ།། 

རྩྭ་ལྡུམ་རྩེ་མོའི་ཆུ་ཡི་རིལ་ཆུང་ཉི་ཟེར་འཇབ་པའི་གསང་སྟབས་ཀྱིས།། 

སྣང་སྟོང་འོད་ལྔ་ཚོན་དུ་སྡེབ་པའི་གཡས་འཁྱིལ་རི་མོ་སུ་ཡིས་བརྐུས།། 

དཔྱིད་ཀྱི་ན་ཆུང་མྱོས་པའི་རྡུལ་དམར་རང་བྱུང་རྣལ་མའི་ཟོལ་གྱིས་འཛུམ།། 

དབྱར་དུས་མཛེས་མའི་རྩེ་དགའི་འཕྲུལ་སྣང་དཀར་ཟླུམ་བརླ་ཡི་ལང་ཚོ་ངོམ།། 

སྟོན་ཀའི་མ་མའི་འོ་འཛིན་མེ་ཏོག་གཉིས་སྦྱོར་གསང་བའི་བསླུ་བྲིད་ཀྱིས།། 

དགུན་ཁའི་རྒན་མོའི་རུས་ཕྲེང་འཁོར་ལོ་གངས་འཁྱགས་སྦྲུམ་མའི་སྙིང་དུ་བཏབ།། 

རྟ་བདུན་རི་བོ་ཁྲོས་པའི་ཁ་རླངས་ལེགས་བྲིས་ཟ་བའི་གཤེད་དུ་འབར།། 

ཆུ་གཏེར་བདུད་མོ་འཁྲིགས་པའི་དཔུང་བས་ཉི་ཟླའི་རྣ་ལུང་ས་ལ་ཕབ།། 

གཤིན་རྗེ་ཕོ་ཉའི་རླུང་གི་རྩལ་འཆང་སྟོང་གསུམ་ཧྲུལ་བའི་མཚོན་དུ་ཆེ།། 

རྩེ་འཛུམ་ཕྱག་རྒྱ་དམ་དུ་སྣོལ་བ་ཁྱབ་འཇུག་རྐང་བའི་ཤུགས་ཀྱིས་མནན།། 

ཟེའུ་བཅུད་འོ་སྤྲི་མཆུ་ཡིས་འཛིན་པའི་དྲུག་ལྡན་རྐང་བའི་མཆོངས་རྩལ་གྱིས།། 

ཁ་བསགས་འདབ་མའི་སྐྱུར་རྩི་འཐུང་བ་མྱོས་འཆང་ར་ཡིག་འདར་ལྡན་པ།། 

གསེར་གྱི་སྦྲང་ཆུང་འདམ་བུའི་ཚལ་ན་པདྨ་འཚོལ་བའི་མིག་འཕྲུལ་གྱིས།། 

དགུང་ཁའི་ཉི་མོར་རེ་བས་ལྟ་བཞིན་སྐྱོ་བའི་མཆི་མ་གདོང་ལ་དྲུད།། 

ཁུ་བྱུག་གྲེ་འགྱུར་སྲིད་པའི་གྲོང་ན་གྱེས་བྲལ་གདུང་བའི་ཕལ་གཏམ་གྱིས།། 

རྨ་བྱ་སྒེག་མོའི་དངུལ་དཀར་སྒྲོ་མདོངས་རྒས་གཉེར་རི་མོའི་གདོང་ལ་བརྗེ།། 

ཁྱུང་ཆེན་འཛིངས་པའི་གློག་གི་གོམ་སྟབས་དོན་ཡོན་སྒྱུ་མའི་གསེར་ཐག་གིས།། 

སྙོམས་འཇུག་ཚེ་ཡི་ཕ་མཐའ་ཟད་པའི་གཟུགས་མེད་མིང་གི་ཁྲི་ལ་བཏགས།། 

རྒྱུ་སྐར་ལག་ཆུང་ས་ལ་ཟུག་པ་འཆི་བདག་འཛུམ་པའི་དཔང་རྟགས་སུ།། 

གཉུག་མའི་ལྗོན་པར་རྐང་སྟེགས་འཆའ་བའི་སྤྲེལ་ནག་འཁྱམས་པའི་མཚན་མོ་དེར།། 

མགྱོགས་འགྲོ་རལ་བའི་དཀྱིལ་འཁོར་འཚུབ་པ་གཏུམ་ཆེན་ཁྲོས་པའི་གཡབ་མོ་བཅས།། 

བྱེ་ཐང་ཉུལ་བའི་བྱང་གི་སྤྱང་ལྟོགས་ཚེ་མཇུག་བཀྲེས་པའི་སྙིང་གཏམ་བརྡོལ།། 

སྲིད་པའི་བལ་ཐག་དགུང་ནས་འཁེལ་བའི་ལྔ་ལེན་བུ་མོ་གདོང་ནག་མས།། 

ལྤགས་ཤུབ་མེ་ཏོག་སྒྲོམ་བུའི་ཁ་ཕྱེ་རུས་ཕྲེང་དཀར་བོའི་སེ་མོ་དོ།། 

སེན་ཞག་ལོ་མས་ཁྲག་གི་རྗེས་བཏབ་ཙིཏྟ་དམར་པོའི་བྲང་སྦྱོར་གྱིས།། 

ཤེས་འཛིན་ཕྲ་མོ་དམྱལ་ཕྲེང་དགྱེས་ཕྱིར་སྟོང་འཇུག་ལྷ་ཡི་གཉེན་དུ་བསུ།། 

ཟླ་ཤེལ་ཁུ་བ་འོ་ཡིས་ལེན་པའི་བརྩེ་ཆེན་ཁེངས་པའི་མཚར་སྡུག་གིས།། 

དྲན་ཤེས་རི་དྭགས་མིག་ཕྲེང་འཛིན་པའི་སྒེག་ཉམས་གར་གྱི་སྟངས་སྟབས་ཅན།། 

ཤལ་མ་ལ་ཡི་རྐང་འཐུང་ཚལ་ན་རྔ་ཡབ་རྒན་པོའི་གསང་མཚོན་གྱིས།། 

སྣང་སྲིད་མཆོད་པ་ཟས་སུ་རོལ་ཞིང་དུང་སེམས་དཀར་མོའི་བཞིན་ལ་འཕྱ།། 

ཆུང་ཆུང་བྱིས་པའི་དུས་ཀྱི་མེ་ཏོག་ཉལ་འགྲོ་སྒྱུ་མའི་རླབས་ཀྱིས་འཐུ།། 

བརྩེ་ལྡན་མཛའ་མོ་མྱོས་པའི་ཟུར་མིག་ནུབ་ཕྱོགས་གྲོང་ཚོམས་རི་ལ་ལྟ།། 

གངས་ཚོན་འདབ་མས་དབུ་སྐྲ་བྱུགས་རྣམས་གཡོ་མེད་ཏིང་འཛིན་མལ་དུ་ལྷུང༌།། 

འབྱུང་བ་ངེས་མེད་ཟོ་ཆུན་འཁོར་ལོས་འཕར་ལྡིང་སྲོག་རྩའི་སྙིང་ལ་བསྣུན།། 

གནམ་ལྕགས་འཁོར་ལོ་འབར་བའི་ཟེགས་མ་མི་རྟག་སྒྱུ་མའི་ཞལ་ལྕེ་ལས།། 

རྟག་བརྟན་གཡུང་དྲུང་རིས་སུ་འཛུམ་པའི་རྡོ་རྗེ་རྐེད་པ་ཐང་མར་བརྡལ།། 

འཇིགས་རུང་སྤྲིན་ནག་རུས་པའི་སོ་ཕྲེང་གཤིན་རྗེ་དམར་བོའི་རླུང་ཞགས་ཀྱིས།། 

བདེ་གཤེགས་ཕོ་བྲང་བྱེ་མར་འཐགས་པས་བཅོམ་ལྡན་རིག་པའི་སྣང་ཤེས་འགགས།། 

དེ་ལྟར་འབྱུང་བོའི་རྐང་བྲོ་བརྡུངས་ཤིང་སྲིན་བྱ་དགོད་པའི་དུར་ཁྲོད་ན།། 

ཕྱི་གཟུགས་སྒྱུ་མའི་ནང་ཁྲོད་སྟོན་པ་གསང་བ་བསྙིལ་བའི་སྤྲེལ་ནག་པའི།། 

ཁྲག་ཞག་འཁོལ་མ་ཁོང་ནས་འབབ་པའི་དྲག་ལྡན་སྙིང་རྩ་འཕར་ཤུགས་ཀྱིས།། 

མུན་ནག་ཕྱི་ལམ་བརྒྱུད་འགྲིམ་བྱེད་པའི་མཐའ་མཇུག་ཚེ་ཡི་གླུ་དབྱངས་བླངས།། 

ང་རང་སྤྲེལ་ནག་པའི་སྙན་ངག་གི་སྒྱུ་རྩལ་དང་རོ་སྙོམ་ལ་འཐམས་ཤིང་འཐིམས་ནས་ཡུན་རིང་འགོར།

  

ང་རང་ཉིད་ཀྱི་ལྟ་ཚུལ་ལ་འདི་ལྟ་བུའི་སྙན་ངག་པ་ཞིག་དེང་སྐབས་ཀྱི་སྙན་ངག་པ་སུ་ཞིག་གིས་ཚབ་བྱེད་མི་ཐུབ་པར་མངོན། 

སྙན་དངགས་ཀྱི་བརྩམས་ཆོས་འདི་ཁོང་གི་མཐའ་མཇུག་གི་ཚེ་སྲོག་ཅེས་པའི་སྙན་དེབ་ལས་དྲངས་ཏེ་ཀློག་པ་པོ་རྩོམ་དགའ་དག་ལ་སྐྱེས་སུ་བརྫངས་པ་ཡིན།

 

ཉིག་ཡོར་གྱི་ཟིན་ཐོ།

 

ཀླུ་སྨྱོན།

ཉིག་ཡོར་དུ་མ་ཡོང་བར་ལོ་ ངོ་གསུམ་ཙམ་ཕྱིན་སོང་། ཐེངས་འདིར་བོད་ནང་གི་ས་ཡོམ་ཁྲོད་གོད་ཆག་ཕོག་པ་ཚོར་བསྔོ་སྨོན་རེ་འདོན་ཆེད་ དུ་དང་པོར་ཨ་རིའི་ནང་གི་བོད་པ་གནས་སྡོད་ས་ཆ་ཆེ་ཤོས་གཉིས་པར་གྲགས་པའི་མེ་ནེ་ སོ་ཀྲ་རུ་ཕྱིན་པ་ཡིན་ལ། དེ་གར་བོད་པའི་ཕྲུ་གུ་བརྒྱ་དང་བཞི་ཅུ་ཙམ་ཞིག་དང་མཉམ་འཛོམས་བྱུང་ཞིང་ཕྲུ་གུ་ དེ་དག་གིས་གཟའ་ཉི་མ་ནམ་ཡིན་ལ་འཛིན་གྲྭ་དགུ་རུ་ཕྱེས་ནས་བོད་ཡིག་དང་བོད་སྐད་ སློབ་སྦྱོང་བྱེད་བཞིན་པ་ཡང་ཞར་ལ་རྟོགས། བོད་ཕྲུག་འདི་དག་བོད་པའི་ཚོགས་ཁང་དེར་འདུས་ནས་མགྲིན་གཅིག་ཏུ་བོད་ཀྱི་རྒྱལ་ གླུ་དང་མི་དམངས་ལངས་གླུ། ཚད་མེད་ཡོན་ཏན་བཅས་དབྱངས་ལ་བཀུགས་ནས་གྱེར་སོང་བས། ངའི་མིག་མཐའ་མཆི་མས་བསྐོར་སོང་ལ་སེམས་པ་དྲོད་ཀྱིས་ཀྱིས་ཁེངས་སོང་། རྒྱུ་མཚན་ནི་ས་མཐའ་འདི་འདྲ་ཞིག་ཏུ་ཡང་ང་ཚོའི་མི་རབས་རྗེས་མ་འདི་ཚོས་བོད་ སྐད་ཚིག་འབྲུ་གཅིག་དང་བོད་ཡིག་ཡིག་རྡོག་གཅིག་གི་ཞལ་འདེབས་ལས་མེད་ཀྱང་གང་ ནུས་ཅི་ནུས་ཀྱིས་ཞལ་འདེབས་དེ་རྒྱག་ཅི་ཐུབ་བྱེད་བཞིན་ཡོད་པས་ཡིན། ད་དུང་ངོ་ཤེས་ཤིག་གི་ཞིས་མོ་ཆུང་ཆུང་ལོ་གཉིས་དང་ཕྱེད་ཀ་ཅན་དེས་བོད་སྐད་ སྙིང་རྗེ་བོ་ཞིག་བཤད་པ་དེས་ཀྱང་ཁོ་བོའི་ཡིད་དབང་རྦད་དེ་འཕྲོགས་སོང་ལ། ཁོ་བོའི་འཁུར་ཁུག་སེར་པོ་དེའི་ངོས་སུ་ཡོད་པའི་ཡིག་འབྲུ་དེ་དག་བསྟན་ནས་འདི་ ག་རེ་རེད་ཅེས་དྲིས་པས། དེ་ཨོཾ་མ་ཎི་པདྨེ་ཧྰུཾ་རེད་ཟེར། ཁྱོད་ལ་དེ་སུས་བསླབས་སོང་དྲིས་པར་སྤོ་སྤོ་ལགས་ཀྱིས་བསླབས་སོང་ཟེར། དེ་གར་མགྲོན་ཁང་ཆེན་པོ་སྐར་མ་བཞི་ཅན་ཞིག་ཏུ་བསྡད་པ་དེར་ཡང་བོད་པ་བཞི་བཅུ་ ཙམ་གྱིས་ལས་ཀ་བྱེད་བཞིན་ཡོད་ལུགས་ཐོས་བྱུང་། འདི་གར་བོད་པའི་ཁྲོད་དུ་སེམས་པ་སྐྱིད་པོ་མི་འདུག་ལུང་བསྟན་གསུང་རོགས་ཟེར་ མཁན་སྐོར་ཞིག་དང་ཡང་ཐུག་སོང་། རང་ལ་མཚོན་ན་སྤོབས་པ་སྐྱེ་འོས་པ་ཞིག་ལ་བོད་ཀྱི་རྨ་ཆུ་དང་འབྲི་ཆུའི་ཚབ་བྱེད་ ཐུབ་པའི་ཨ་རིའི་གཙང་ཆེན་རིང་ཤོས་གཉིས་ཀྱི་གཅིག་སྟེ་མེ་སི་སི་ཕེ་གཙང་པོ་ཞེས་ པ་དེ་ཡང་མཐོང་ཐུབ་སོང་།

དེ་ནས་ ཉིག་ཡོར་དུ་ཡོང་བ་ཡིན་ལ། འདི་གར་བོད་རིགས་སྤྱི་དང་ལྷག་པར་དུ་ཁམས་རིགས་ཅུང་མང་བས། མི་མང་གཅིག་སྟོང་ཙམ་ཞིག་མཉམ་འཛོམས་ཀྱིས་བླ་མའི་བཀའ་དབང་ཞུས་སོང་ལ། དེ་ཡང་ཕྱི་རྒྱལ་བ་ཚོའི་ལད་མོ་ལྟ་བུ་མ་ཡིན་པར་བོད་པ་རང་གི་ཁྱད་ཆོས་དང་ལྡན་པ་ ཞིག་བྱུང་སོང་། བོད་མདོ་ཁམས་སྒ་ཡུལ་ཕྱོགས་ནས་ཡོང་བའི་མོ་གཞོན་གཟུགས་ལང་ཚོ་མཛེས་སྡུག་ལྡན་ ཞིང་ཁམས་ཆས་སྤྲས་པ་འགའ་རེ་མཐོང་ནས་གླིང་གེ་སར་རྒྱལ་པོའི་ཇ་མ་སྒ་སྐྱ་ལོའི་ སེང་ལྕམ་འབྲུག་མོ་ཞེས་པ་དེ་ཡང་འདི་ཚོ་འདྲ་སེ་བ་ཞིག་ལོས་ཡིན་བསམས། འདི་གར་ཡང་བོད་པའི་ཕྲུ་གུ་བོད་སྐད་བཤད་མཁན་རེ་ཟུང་ལ་ཐུག་སོང་ལ། དེ་ཚོའི་ཕ་མ་མང་ཤོས་བོད་ནས་འབྱོར་བ་དག་རེད་འདུག་ཅིང་། གལ་སྲིད་ཕ་མས་དབྱིན་སྐད་ཡག་པོ་མི་ཤེས་པའམ་ཤེས་ཀྱང་རང་རང་གི་ནང་དུ་དབྱིན་ སྐད་མ་བཤད་ཚེ་ཕྲུ་གུ་འདི་དག་གིས་བོད་སྐད་ཤེས་པར་ཕན་ཐོགས་དགའ་རབས་ཤིག་ཅེས་ སྔོན་མ་ནས་དྲན་བཞིན་ཡོད་པར་རྒྱབ་རྟེན་བཙན་པོ་ཞིག་རྙེད། བར་གསེང་རེ་བཙལ་ནས་ལ་རྩེ་དཔེ་མཛོད་ཁང་དུ་ཐེངས་ཤིག་སོང་བ་ན། དེ་གར་སྔོན་ཆད་མཇལ་མ་མྱོང་བའི་དཔེ་ཆ་དཀོན་པོ་གང་མང་ཞིག་མཇལ་བ་དང་། ཧོར་འཇིགས་ལགས་ཀྱི་མདོ་སྨད་ལོ་རྒྱུས་དེབ་དེ་ཚོ་ཡང་བམ་ཀློག་རེ་བྱས་པས། རང་གི་ཕ་ཡུལ་གྱི་དགོན་སྡེ་ཚོའི་མིང་གི་གོང་འོག་འཁྲུགས་བསྡད་ཡོད་པ་ཞིག་དང་། སྤྱི་ལོ་༡༩༠༠ནས་ཉིས་སྟོང་བར་གྱི་མདོ་སྨད་པ་མཁས་མིང་ཅན་ཚོའི་མིང་བྱང་ཞིག་ ཡོད་པའི་ཁྲོད་དུ་འཇུ་བཀྲ་ཤིས་བཟང་པོ་ལྟ་བུའི་མདོ་སྨད་ཀྱི་གྲྭ་བཙུན་ཁྲོད་དང་ བོད་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་བྱ་རིགས་ཞིབ་འཇུག་པ་ཐོག་མ་འཇུ་བཀྲ་ཤིས་བཟང་ པོ་དང་། རྩོམ་པ་པོ་གྲགས་ཅན་སྒོ་ཤེར་དང་རྒྱ་གྲོལ་ལྟ་བུའི་རིགས་བཞག་མེད་པ་དེར་འཐུས་ ཤོར་རམ་སྣང་ཆུང་གི་ཆ་ཞིག་ཡོད་པར་མཐོང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་ཞིག་མཇལ་བར་བོད་པའི་བླ་མའི་རང་རྣམ་ཁྲོད་ དུ་རང་གི་རྨི་ལམ་གྱི་ཟིན་ཐོ་བྲིས་ཡོད་པའི་ཁྲོད་ནས་རྨི་ལམ་ཟིན་ཐོ་ཆེས་མང་ ཤོས་དེ་ཁོང་ལོས་ཡིན་སྙམ་པ་ཞིག་ཀྱང་བྱུང་སོང་། དཔེ་མཛོད་འགན་འཛིན་མཁས་དབང་པད་མ་འབུམ་ལགས་དང་ལྷན་དཔེ་མཛོད་དེར་བྱེད་འཆར་ གྱི་ བགྲོ་གླེང་ཞིག་གི་བློས་བསླངས་ཀྱང་གླེང་ཙམ་བྱས།

དཔེ་མཛོད་ཁང་ནས་ཐོན་ཡོང་དུས་དཔེ་མཛོད་ཀྱི་སྒོ་འགྲམ་དེར་རིན་མེད་དེབ་འགའ་ བཞག་འདུག་པའི་ཁྲོད་ནས་ཨ་མདོའི་དགེ་ལུགས་པའི་བླ་མ་ཞིག་གི་གསུང་བཤད་ཟིན་བྲིས་ ཤིང་དཔར་མ་ཨ་མདོའི་ཁ་སྐད་ཇི་མ་ཇི་བཞིན་དུ་བྲིས་ཡོད་པ་ཤོག་ལྡེབ་ལྔ་དྲུག་ཅན་ ཞིག་མཐོང་ ནས་ནོར་བུ་རྙེད་པ་ལྟར་འཁུར་ཁུག་ཏུ་འཇུག་པར་ཐལ། དེའི་ངོས་ཀྱི་ཚིག་རེ་ཟུང་ནི་འདི་ལྟ་སྟེ། ཨ་འཇའ་བ་ཚོ། རས་རུས་གཡར་མ་རེ་པོ་བལྟས་མ་འདུག་ག་ཚུར་ཆོས་ཨྰ་ཉོན་ད། སངས་རྒྱས་གི་གསུང་འདི་ཚོའི་སྒྲ་ཙམ་ཞིག་ཐོས་རྒྱུ་བྱུང་ནི་བོ་སྐལ་བ་བཟང་ནི་ ཡིན། སངས་རྒྱུས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་ཤིན་ཏུ་དཀོན། །གསུང་ཟིག་ཨེ་གོ། ནོས། ཨེ་ཨ་རྒྱ། མཉམ་པོར་བསྡད་ན་མྱིག་གིས་རྫི་མ་མི་རིག་ཟེར་ཐང་ང་། ཁྱོད་ཆོས་ཨྰ་འདི་འདྲ་ཟིག་མཁས་ནི་བོ་དེ་རིང་མིན་མ་ཤེས། དེ་རྗེ་བཙུན་རིན་པོ་ཆེའི་གསུང་ཚོའི་དོན་མདོ་མདུད་སེམས་མྰ་འཛིན་རྒྱུ་ཉུང་ ཉུང་རེ་ཤོད་ད། ཁོས། ཨེ་རྰོ། ཆོས་ཉན་ཚུལ་འདི་ཨ་རྟེན་འབྲེལ་རེ་འགྲིག་རྒྱུ་ཡོད་ནི་རེད། ཁྱོས་ཤོད་དམ་ཟེར་ར། གསུང་ད་ཡིན་ནྰ་རྫོས་ར། ནོས། ཡ་ལགས་སོ་ལགས་སོ། གསུང་དུ་གསོལ། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གསུང་དུ་གསོལ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཡ། ཁོས། དྰེ་ར་ཟིག་མཐོ་བུད་ཐྰ་ར། དེ་ཆོག་གི་ཆོག་གི ་་་ ་་་ འདི་འདྲ་རྐྱང་བྲིས་ཡོད་པ་ཞིག་འདུག

ནུབ་ཕྱོགས་སྤྱི་ཚོགས་ སུ་སྐད་གྲགས་ཧ་ཅང་ཆེ་བའི་ཨ་རི་བ་ནང་ཆོས་མཁས་པ་རོ་སྦིར་ཐོར་མིན་གྱིས་འཛིན་ སྐྱོང་བྱེད་བཞིན་པའི་བོད་ཀྱི་ཁང་པའི་ནང་དུ་མཁའ་སྤྱོད་མའི་སྐུ་བརྙན་མྱོས་ བུམ་ཆེ་ཞིང་བྷ་ག་གདངས་པ་ཞིག་མཇལ་བས་རང་ཉིད་ཧེ་རུ་ཀ་ངོ་མ་དེ་མིན་པར་སྡུག་ སྨྲེ་ལན་འགའ་ཁོག་ནས་བཏོན། དེ་ཙམ་ལས་ངས་ཅི་ཞིག་འཇོན་ཨང་། ད་དུང་དེ་གར་པར་པ་མཁས་ཅན་ཞིག་གིས་བརྒྱབ་པའི་ར་ཤི་ཡའི་སོག་པོའི་འཚོ་བ་མཚོན་ པའི་འདྲ་པར་སྐོར་ཞིག་ཀྱང་མཐོང་བྱུང་ལ། དེའི་ཁྲོད་ཀྱི་སོག་མོ་ཞིག་གིས་མྱོས་བུམ་དཀར་པོ་ཆ་གཅིག་ཕྱི་རུ་བཏོན་ཏེ་རང་ གི་ཕྲུ་གུ་གཉིས་ལ་འོ་མ་སྣུན་བཞིན་ཡོད་པ་དེ་ལས་ཡིད་དབང་འཕྲོག་པ་ཞིག་མ་མཐོང་། ངའི་ལས་འདི་ཨང་། གནམ་ཐང་དང་མེ་འཁོར་ས་ཚིགས་གཉིས་སུ་རང་གི་རྩོམ་ཡིག་ལ་དགའ་མོས་ཆེན་པོ་ཡོད་ཟེར་མཁན་ཁམས་པ་དང་ཨ་མདོའི་ཕོ་གསར་གཉིས་དང་ཕྲད་བྱུང་ལ། བོད་པའི་ཟ་ཁང་གཉིས་སུ་བལ་མོ་ལོ་ཆུང་རྣམ་པ་སྙིང་རྗེ་བོ་གཉིས་ཀྱང་མཐོང་བྱུང་། བོད་པའི་ཚོང་ཁང་ཞིག་ནས་ཀོ་རི་ཡའི་བརྩེ་དུང་གི་གློག་བརྙན་འོད་སྡེར་ཞིག་ཉོ་རྩིས་བྱས་ཀྱང་མཐའ་མར་ <<སངས་རྒྱས་ ངོ་ཚ་མེད་པའི་ཞིག་རྡིབ>>ཅེས་པ་ཨབ་རྒན་དུ་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ཐ་ལི་སྦན་གྱིས་གཏོར་བཤིག་བཏང་བའི་ཉེ་འཁོར་གྱི་གྲོང་གསེབ་ཅིག་གི་བུ་མོ་ཆུང་ཆུང་ཞིག་སློབ་གྲྭར་ཕྱིན་པའི་སྐོར་གྱི་གློག་བརྙན་འོད་སྡེར་ཞིག་ཉོས།

ཉིན་འདི་གར་རྒྱ་མི་དད་ ལྡན་པ་སྐོར་ཞིག་གིས་ནང་སྙིང་མི་འདྲ་བའི་ཤོག་ཁུག་དམར་པོའི་ཆར་བ་ཞིག་བདག་གི་ སྐམ་ཞིང་རིད་པའི་ལག་མཐིལ་དུ་ཐེངས་འགར་འབབ་པས་བྱས་པས། རྒྱ་བོད་མཉམ་གནས་ལམ་དབུ་མ་ཞེས་པ་འདི་ལ་དད་པ་བཅོས་པ་མ་ཡིན་པ་ཞིག་ད་གདོད་ སྐྱེས། རྩ་བའི་ཆ་ནས་ལམ་དབུ་མ་འདི་རྒྱ་མིའི་ཡིག་ལྐོགས་དམར་པོ་འདི་དག་གི་ཆེད་དུ་མིན་ ཡང་། ང་དང་ང་ལྟ་བུའི་ཟ་འདོད་ཅན་དག་ལ་ལམ་དབུ་མ་རྒྱ་བོད་མཉམ་གནས་འདིའི་སྟེང་དུ་ཟ་ རྒྱ་འཐུང་རྒྱ་འབེལ་བོ་ཞིག་ཡོད་པ་ཏན་ཏན་རེད། གྲོགས་པོ་མཚན་ཉིད་རིག་བ་ནམ་མཁའ་ལགས་དང་འགྲོགས་ནས་རྗ་སན་ཧ་ཡི་ཞེས་པའི་ ལམ་སྲང་དོན་བཞི་པ་རྒྱ་གར་བའི་ཁྲོམ་ས་ཆུང་ཆུང་ཞིག་ཡོད་པ་དེར་སོང་བ་ན། ལོ་ངོ་བདུན་གྱི་སྔོན་དང་མི་འདྲ་བར་དེ་གར་བོད་པའི་ཟ་ཁང་དང་ཚོང་ཁང་འགའ་རེ་ ཡོད་པ་དང་། བོད་པ་ཡང་གང་འདོད་དུ་མཐོང་རྒྱུ་དང་ཐུག་རྒྱ་འདུག་པས། ལོ་ངོ་བདུན་གྱི་རྗེས་ནས་འདི་གར་བོད་པའི་ཁྲོམ་ཆུང་ཞིག་གྲགས་མེད་ཚོར་མེད་དུ་ མངོན་རྒྱུ་ཡིན་པ་གཏན་ཁེལ་སོང་ལ། བོད་པའི་ཚོང་ཁང་ཞིག་ཏུ་རྒྱ་བོད་ཀྱི་གློག་བརྙན་འདྲ་བཤུས་མ་རྐྱང་རྐྱང་འཚོང་ གིན་འདུག་པས། གཞན་གྱི་པར་དབང་ཟ་རྐྱང་བྱེད་པའི་ཤར་ཕྱོགས་པའི་རིག་གཞུང་ཞིག་གི་གྲིབ་ནག་ཀྱང་ ཞར་དང་ཞོར་ལ་མཐོང་།

ངོ་ཤེས་བལ་ཡུལ་གྱི་ཨ་ ནེ་འགའ་ཡོད་པའི་སྐོར་ལ་སྐད་ཆ་དྲིས་པར། ཚང་མས་ཆང་ས་བརྒྱབ་སྟེ་ཕྲུ་གུ་གཉིས་གསུམ་རེའི་ཨ་མ་ཆགས་ཡོད་ཟེར། ཉིན་འདི་ཚོར་ཟ་མ་ཐུན་གསུམ་པོ་དུས་ཐོག་ཏུ་ཟོས་པས་གཟུགས་པོ་ཅུང་ཟད་རྒྱགས་སུ་ ཕྱིན་པས། ལོ་མང་སྔོན་རྡ་ས་ནས་གྲོགས་པོ་རྩོམ་པ་པོ་ཞིག་གིས་ཆང་ས་བརྒྱབ་རྗེས་རྒྱགས་པ་ ཆགས་པའི་རྐྱེན་གཅིག་ནི་ཆུང་མས་ཟ་མ་ཐུན་གསུམ་པོ་དུས་ཐོག་ཏུ་སྤྲད་པས་རེད་ཟེར་ བ་དེར་བདེན་སྣང་ཞིག་ཀྱང་སྐྱེས། དགོང་མོ་ཞིག་ལ་གྲོགས་པོ་ནམ་མཁའི་ས་ནས་ཅུང་འཕྱི་བོ་ཆགས་ཏེ་སྡོད་གནས་མགྲོན་ ཁང་དུ་ལོག་དུས་ལམ་ཁ་ནོར་ཏེ་མི་རིགས་ནག་པོ་མང་པོ་ཡོད་སའི་སྲང་བར་ཁུག་ཀྱོག་ ཅིག་ཏུ་བསླེབས་པས། ནམ་རྒྱུན་གཞན་གྱི་ས་ནས་ཐོས་པའི་སྐད་ཆས་བཞག་པའི་བག་ཆགས་ཀྱི་དབང་གིས་ཅུང་ཟད་ འཚབ་སྣང་ཞིག་སྐྱེས་ཀྱང་རང་ལ་ནི་སྐྱོན་ཅི་ཡང་མ་བྱུང་ཞིང་། མི་ལྔ་བརྒྱ་ཡས་མས་ཤིག་གིས་བླ་མ་ཁོང་གི་སྐུ་མདུན་ནས་མོ་ལུང་བརྟག་གསུམ་ཞུས་ སོང་བས། དེའི་ཞོར་ལ་རང་གིས་མི་འདི་དག་གི་འཚོ་བའི་ཁྲོད་དང་མི་ཚེའི་ཁྲོད་ཀྱི་དཀའ་ རྙོག་དག་ཀྱང་ཞར་དང་ཞོར་ལ་མྱོང་ཚོར་བྱུང་། བོད་སེམས་བསྐྱེད་ཀྱི་ལུང་པ་དང་བོད་མི་སེམས་བསྐྱེད་ཀྱི་མི་རིགས་ཡིན་པ་གང་ ཞིག་ལ་སྐྱབས་འཇུག་མང་ཤོས་རང་རང་གི་ཆེད་དུ་ཞུས་སོང་། མཐའ་མ་རྒྱ་མི་ཞིག་གིས་སེམས་ཅན་ཐམས་ཅད་ཅིག་ཅིག་ཟེར་ནས་སྐྱབས་འཇུག་ཞུས་སོང་ བས། ད་ནི་ཚད་ཅིག་ལ་བསླེབས་ཡོད་ས་རེད་ཀྱང་དྲན་སོང་། ཡིན་ན་ཡང་རྒྱ་མི་དེའི་སེམས་ཅན་ཐམས་ཅད་ཅེས་པའི་སྐྱབས་འཇུག་དེ་སེམས་གཏིང་ཡིན་ དང་གཏམ་འདོད་ཡིན་ཁོ་བོས་ནམ་ཡང་ཤེས་ག་ལ་ཐུབ།

དགོང་མོ་མཐའ་མ་དེའི་ཆུ་ཚོད་བཅུ་གཅིག་པ་ཙམ་ནས་བརྩམས་ཏེ་མགྲོན་ཁང་ནང་གི་བརྙན་འཕྲིན་ལས་འདོད་པའི་ རྩེ་དགའ་ཉམས་སུ་མྱོང་བའི་ལེ་ཚན་གཅིག་རྗེས་གཉིས་མཐུད་དུ་བསྟན་སོང་ལ། ལིང་ག་དང་བྷ་ག་མི་མཐོང་བ་ཙམ་ལས་ཕོ་མོ་གཉིས་ཀའི་གཟུགས་པོ་ཡོངས་རྫོགས་དམར་ ཧྲེང་དུ་བཏོན་པའི་འདོད་སྲེད་གློག་བརྙན་བརྙན་འཕྲིན་ལས་ཡོངས་ཁྱབ་ཏུ་སྟོན་པའི་ ཨ་རིའི་འཁྲིག་སྲེད་རང་དབང་འདི་ལ་ཚད་དང་མཐའ་ཞིག་ཨེ་ཡོད་སྙམ་པ་ཞིག་ཀྱང་སྐྱེས་ སོང་། ངའི་ཤག་རོགས་དེས་ཀྱང་ཞལ་འདོན་ཕྱོགས་བསྒྲིགས་ཀྱི་ཞལ་ཕྱེས་ནས་འདོན་ཞོར་དང་མགོ་བོ་དགྱེ་ནས་བརྙན་འཕྲིན་ནང་གི་ལྟད་མོ་ཨེ་ཝཾ་མཉམ་སྦྱོར་དེར་ལྟ་ཞོར་བྱས་སོང་བས་ དགོད་བྲོ་དང་ངུ་བྲོ་བ་ཞིག་ཀྱང་བྱུང་སོང་། གང་ལགས་ཤེ་ན། ཁོང་ནི་ནམ་རྒྱུན་ང་ལས་བཙུན་ཚུགས་དགའ་རབས་ཡོད་མཁན་ཞིག་ཡིན་པ་དང་། དགེ་ཆོས་ཀྱིས། ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཀྱང་། །ཀུན་གྱིས་ཁོག་ནས་དྲན་པ་འདི་རང་ཡིན། །ཞེས་བྲིས་ཡོད་པ་དེ་ཅིས་མ་བདེན་སྙམ་པས་སོ།།དེ་ནས་ཤག་རོགས་དེས་ལོ་མང་སྔོན་ རྡོ་རྗེ་གདན་ནས་དགོང་མོ་དག་ཏུ་ལྭ་བ་བརྗེས་ནས་སེར་པོ་བལྟ་བར་བསྐྱོད་པའི་ སྐོར་གྱི་སྒྲུང་ངོ་མཚར་ཞིང་འཇིགས་ཆེ་བ་ཞིག་ཀྱང་བརྗོད་སོང་བས། ཁོང་གི་བཙུན་ཚུགས་དེ་ཡང་ཕྱི་རོལ་ཙམ་ཞིག་ཡིན་པ་ད་གདོད་ཤེས།

ཉིན་མཐའ་མ་དེར་JFKགནམ་ ཐང་དུ་བསྐྱོད་ཅིང་། བང་བསྒྲིགས་ནས་འདུག་ས་རུ་སོག་མོ་ལོ་གཞོན་རྣམ་པ་སྙིང་རྗེ་བོ་གཉིས་དང་ཐུག་ སྟེ་ཁ་སྡོད་མ་ཚུགས་པར་སྐད་ཆ་ཁ་ཤས་དྲིས་པས། ད་ལྟ་ཆི་ཁ་ཁོ་རུ་འགྲོ་རྩིས་ཡིན་ཞིང་དེ་གར་ཨུ་རུ་སུའི་སྐད་ཡིག་སྦྱོང་བཞིན་ ཡོད་ཟེར་ལ། ཁྱེད་རང་བོད་པ་ཡིན་ནམ་ཟེར་བར་ཡིན་བརྗོད་པ་ན། གཅིག་གིས་སྐེ་རུ་བཏགས་ཡོད་པའི་ཕྱག་ན་རྡོ་རྗེའི་སྐུ་ཆུང་ཆུང་ཞིག་བསྟན་སོང་ བས། སྔོན་མར་མི་ཞིག་གིས་སོག་པོ་ཕྱག་ན་རྡོ་རྗེའི་གདུལ་ཞིང་དང་། བོད་པ་སྤྱན་རས་གཟིགས་ཀྱི། རྒྱ་མི་འཇམ་པའི་དབྱངས་ཀྱི་གདུལ་ཞིང་རེད་ཟེར་བ་དེ་སེམས་ལ་ཝལ་གྱིས་དྲན། གནམ་ཐང་ནས་ཆུ་ཚོད་གཉིས་དང་གནམ་གྲུའི་ནང་དུ་འཛུལ་ནས་ཆུ་ཚོད་གཉིས་ཏེ་ཁྱོན་ཆུ་ ཚོད་བཞི་རུ་བསྒུགས་པའི་མཐའ་མར་གནམ་གྲུ་ཆེན་པོ་ཆེན་པོ་འདིས་འུར་སྒྲ་སྒྲོག་ བཞིན་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་རང་ཉིད་གང་དུ་སྡོད་པའི་ས་གནས་སུ་འཕུར་ རོ།།

སྤྱི་ཟླ་དྲུག་པའི་ཚེས་བཅུ་དྲུག་དགོང་མོར་དོན་དག་རེ་རེ་བཞིན་ཕྱིར་དྲན་བྱེད་ཞོར་བྲིས།